དགེ་རྒན་གྱི་རྩོམ།

ཀུན་སློང་དང་འབྲེལ་བའི་གཏམ་གླེང༌།                                                                                                                  སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་བོད་དགེ་པདྨ་ལྷུན་གྲུབ།

ངོ་སྤྲོད།  ཀུན་སློང་ཞེས་པ་ནི་སེམས་ནང་གི་བསམ་པའི་འཁྱེར་སོ་ཞིག་ལ་ཟེར། དེ་ཡང་ང་ཚོའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་བའི་ཁྱད་ཆོས་མང་པོ་ཞིག་ཐོན་གྱི་ཡོད་པ་དེ་ཡང་ལུས་སེམས་གཉིས་ལས་གཙོ་བོ་སེམས་ཀྱི་ཀུན་སློང་ངམ་སེམས་ཀྱི་བསམ་བློའི་འཁྱེར་སོ་བཟང་ངན་ལ་བརྟེན་འབྱུང་གི་ཡོད། དེ་ཡང་ནང་པའི་གཞུང་ནས་སེམས་ནི་གཙོ་ཕྱིར་སྔོན་དུ་འགྲོ། །ཞེས་གསུངས་པ་ལྟར་ལུས་སེམས་གཉིས་ལས་གཙོ་བོ་སེམས་དེ་གལ་ཆེ་བ་ཡིན་པས་ལུས་ཀྱི་བྱ་བ་མ་ཐོན་གོང་སེམས་ཀྱི་བསམ་པའི་ཀུན་སློང་བཟང་པོ་ཞིག་ངེས་པར་དུ་འཁྱེར་དགོས་གལ་ཆེ། སེམས་ཀྱི་ཀུན་སློང་བཟང་པོ་ཡོད་ན་ང་ཚོའི་ལུས་ངག་གི་སྒོ་ནས་ཐོན་པའི་བྱ་བ་ཕལ་ཆེ་བ་བཟང་པོ་དང་གཞན་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་རྒྱུར་ངེས་པ་ཡིན། དེས་ན་ཀུན་སློང་བཟང་པོ་ཞིག་འཁྱེར་དགོས་པ་ནི་རང་གཞན་ཀུན་ལ་ཕན་ཐོགས་དང་འདི་ཕྱི་གཉིས་ཀའི་ལམ་བུ་ཕྱོགས་བཟང་ཕྱོགས་སུ་འཁྲིད་མཁན་ངོ་མ་དེ་ཡང་ཆགས་ཡོད།

       སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་ཡིན་ན་ཡང༌།   རང་ཉིད་ཀྱི་རྒྱུད་ལ་ཀུན་སློང་བཟང་པོ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ནི་སྐྱེ་བ་སྔ་ཕྱིར་བསམ་མི་དགོས་ཀྱང་ཚེ་འདིའི་འཚོ་ཐབས་བཟང་ངན་ལ་གཞིགས་ན་ཡང་ཀུན་སློང་གི་སྒོ་ནས་ཁྱད་པར་ཆེན་པོ་ཆགས་ཀྱི་ཡོད། དེ་ཡང་ང་ཚོ་ནི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པས་སྤྱི་ཚོགས་ཆེན་པོ་འདིའི་ནང་མི་དང་མིའི་དབར་འབྲེལ་བ་བྱེད་ཕྱོགས་ཐད་ཀུན་སློང་བཟང་པོ་སྔོན་དུ་འགྲོ་དགོས་པ་གལ་ཆེན་པོ་ཡིན། ཁ་སང་དེ་རིང་གི་མིའི་སྤྱི་ཚོགས་ནང་རྒྱུ་དངོས་པོའི་ཡར་རྒྱས་ལ་ཧ་ཅང་ཞེན་ནས་དེའི་ཕྱོགས་སུ་ཁ་ལོས་སྒྱུར་བཞིན་པའི་སྐབས་འདིར་ཀུན་སློང་གཙང་མ་ཞིག་གི་སྒོ་ནས་མིའི་སྤྱི་ཚོགས་ནང་བྱམས་སེམས་ཀྱི་ཀུན་སློང་ཡོད་མཁན་ནི་ཆེས་ཉུང་ཉུང་ཡིན་ལ། དེ་བས་དངོས་སུ་ལག་ལེན་དུ་བསྟར་མཁན་ནི་ཉིན་མོའི་སྐར་མ་བཞིན་དུ་གྱུར་ཡོད། དེས་ན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ནང་ཕན་ཚུན་དབར་བཟང་ཕྱོགས་ཀྱི་འབྲེལ་ལམ་ཡོང་ཐབས་སུ་ཐབས་ཤེས་སྣ་ཚོགས་གནང་མུས་ཡིན། དེ་ནི་དེང་གི་དུས་སུ་དགོས་མཁོ་ཆེ་ཤོས་ཤིག་ཆགས་ཡོད། དེར་བརྟེན་ང་ཚོ་བོད་མི་རྣམས་དང་ཡང་སྒོས་དགེ་རྒན་རྣམས་ཀྱིས་ལྷག་བསམ་རྣམ་དག་གི་ཀུན་སློང་བཟང་པོ་ཞིག་འཁྱེར་ནས་སྤྱི་ཚོགས་ནང་ཞབས་འདེགས་ཞུ་དགོས་པ་ནི་འདི་ཕྱི་གཉིས་ཀྱི་བླ་མ་བཟང་པོའི་བཀའ་དགོངས་སྒྲུབ་བྱེད་ཀྱི་ཆ་ཤས་བཟང་ཤོས་ཤིག་ལ་ངོས་འཛིན་ཞུས་ན་མི་འགྲིགས་པ་ག་ལ་ཡོད།

       དངོས་སུ་ལག་སྟར་གྱི་ཉམས་ལེན། ང་ཚོས་ཁ་ནས་ཚིག་སྐམ་པོ་ཇི་ཙམ་བཤད་ཀྱང་དོན་ངོ་མ་ལག་བསྟར་ལ་ཐུབ་པ་ཞིག་ངེས་པར་དུ་བྱ་དགོས་པ་ཡིན། དེ་ཡང་རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཞོགས་པ་གཉིད་སད་ཙམ་ནས་བཟུང་རང་གི་ཀུན་སློང་བཟང་ཕྱོགས་སུ་བཅོས་ནས་དེ་རིང་གི་ཉིན་མོའི་རང་ཉིད་ཀྱི་ཐོག་ཏུ་བབས་པའི་བྱ་བ་ལས་འཁོར་ལོའི་རིམ་པ་རྣམས་མ་འཕྱུགས་མ་འཁྲུལ་བར་བརྟག་ཅིང་དཔྱད་པ་བྱ་དགོས་པ་གནད་དུ་ཆེ། དགེ་རྒན་རང་ཉིད་དང་རྒྱུན་ལྟར་ཁ་བྲལ་ཐབས་མེད་པའི་མདུན་དུ་འཚོ་བཞིན་པའི་སློབ་མ་ཚོ་ནི་ལོ་ནའི་བབས་དང་བསྟུན་ནས་ཤེས་ཡོན་སྦྱོང་བར་མི་སྤྲོ་ཞིང་རྣམ་གཡེང་གི་དྲྭ་བར་ཚུད་པའི་སྐབས་སུ་ང་ཚོ་དགེ་རྒན་ཚོས་ཀུན་སློང་བཟང་པོ་ཞིག་འཁྱེར་ནས་སློབ་ཕྲུག་ཚོར་དངོས་སུ་ཕན་པའི་སློབ་ཁྲིད་དང་ལམ་སྟོན་གཏན་ནས་འདོར་ཐབས་མེད་པའི་བསམ་བློའི་གནས་ཚད་ཅིག་ནམ་སླེབས་ན་དུས་དེ་ནས་བཟུང་དགེ་རྒན་དེར་དགེ་རྒན་བཟང་པོ་ཞེས་པའི་ཐ་སྙད་དེ་འདོགས་རུང་། ཡང་དེང་སང་གི་དུས་ཀྱི་འཕོ་འགྱུར་དང་དངོས་པོ་ཡར་རྒྱས་ཕྱིན་པའི་དབང་གིས་ཁོར་ཡུག་ནང་སློབ་ཕྲུག་ཚོས་སྤྱོད་ལམ་འདྲ་མིན་སྣ་ཚོགས་ཤིག་བྱས་དང་བྱེད་བཞིན་པའི་སྐབས་ཀྱི་གཟིགས་ཕྱོགས་ལ་ང་ཚོས་སྒྱིད་ལུག་པའི་ཀུན་སློང་གི་རྣམ་པར་མ་སོང་བར་ད་དུང་ཡང་ཚ་ཐོག་ཚ་སྣོན་གྱི་ཚུལ་དུ་ཕན་སེམས་ཀུན་ནས་བླངས་ནས་གང་ཅིའི་ཐད་རང་ནུས་གང་ལྕོགས་ཀྱིས་ཕན་བདེ་སྒྲུབ་ཐབས་སུ་འབད་འབུངས་གནང་དགོས་གལ་ཆེ། ང་ཚོ་དགེ་རྒན་གྱི་ངོས་ནས་ཀྱང་དེང་དུས་སློབ་ཕྲུག་གི་བྱ་སྤྱོད་ལ་རྒྱུས་ལོན་གྱིས་བསམ་ཤེས་གནང་དགོས་པ་མ་ཟད་སློབ་ཕྲུག་ཚོའི་སྐྱོང་སྟངས་ལ་ཡང་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་སྟེ་ཐབས་ལམ་འདྲ་མིན་སྣ་ཚོགས་ཤིག་མ་བསྟེན་ཐབས་མེད་དུ་གྱུར་ཡོད། དེས་ན་ཐབས་ལམ་མང་དག་ཅིག་དགེ་རྒན་རང་ཉིད་ཀྱི་མྱོང་བ་མངོན་ཐོན་གྱིས་དངོས་སུ་ཕན་རླབས་གནང་ཐུབ་ཀྱང་ད་དུང་ཡང་སློབ་ཕྲུག་ཚོར་ལམ་སྟོན་འཕར་མ་ཞིག་ལག་བསྟར་ཡོང་བར་ཀུན་སློང་བཟང་པོས་མཚམས་སྦྱར་ནས་མི་གྲགས་དང་ཁེ་ལས་ཅན་གྱི་མི་སྣ་ཁག་གི་ལམ་སྟོན་རྒྱུན་མར་བསྟེན་ཐབས་གནང་དགོས་པ་དང་དེང་གི་ཚན་རྩལ་དྲྭ་ལམ་ཁག་ནས་ཀྱང་འཚོལ་སྡུད་ཀྱི་ཐབས་ལམ་གནང་བཞིན་པ་དེ་ཡང་སློབ་ཕྲུག་ཚོར་ཕན་པའི་ཐབས་ལམ་གནད་འགག་ཅིག་ཆགས་ཡོད་པ་ཡང་མཁྱེན་གསལ་ལྟར་ཡིན།

ཕན་པའི་སེམས་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། ། ང་ཚོས་ལས་དོན་གང་ཞིག་སྒྲུབ་ཀྱང་ཕན་སེམས་ཀུན་ནས་བླངས་ཏེ་གནང་བ་ཡིན་ན། དེ་ནི་མི་གཙོ་བོར་གྱུར་པའི་འགྲོ་བ་ཡོངས་ལ་ངེས་པར་དུ་མཁོ་ཞིང་ཕན་ཐོགས་ཆེ་བའི་བདེ་སྐྱིད་ཀྱི་རྩ་བ་ཞིག་ཡིན། དེ་ཡང་༸གོང་ས་མཆོག་གིས། ཕན་པའི་སེམས་པ་ཞེས་པ་འདི་མིག་གིས་མཐོང་རྒྱུ་མེད་ཀྱང༌། དེ་ནི་ཕན་ནུས་ཆེན་པོ་ཡོད་པ་ཞིག་དང༌། མི་ཚེའི་སྙིང་པོའམ་བདེ་སྐྱིད་མཐའ་དག་གི་རྩ་བ་ཡིན།  ཐ་མ་རང་ཉིད་མི་ཚེ་རྫོགས་ནས་འཆི་བའི་སྐབས་སུའང་བློ་བདེའི་ངང་ནས་འགྲོ་ཆོག་པ་དང༌། གསོན་པའི་རིང་གི་བྱ་བ་ལམ་འགྲོ་ཡང་དེ་ནས་ཡོང་གི་ཡོད། ཅེས་གསུངས་པ་ལྟར་མི་གཞན་ལ་ཕན་སེམས་ཀྱི་ཀུན་སློང་བཅངས་ཏེ་ལས་ཞུགས་གནང་བ་ཡིན་ན་རང་གཞན་ཚང་མར་བདེ་སྐྱིད་ཐོབ་ཐབས་ཀྱི་རྒྱུ་གཙོ་བོ་ཞིག་ཆགས་ཡོད།

       ཀུན་སློང་བཟང་པོ་འཁྱེར་བའི་རྒྱུ་མཚན་དང་ཕན་ཡོན། ཀུན་སློང་བཟང་པོ་འཁྱེར་དགོས་པའི་རྒྱུ་མཚན་མང་དག་ཅིག་གོང་དུ་བརྗོད་ཟིན་ཀྱང་མདོར་བསྡུས་ན་སེམས་དང་ལུས་གཉིས་ལས་སེམས་ནི་དབང་སྒྱུར་མཁན་དང་ལུས་ནི་དབང་བསྒྱུར་བྱ་ལྟ་བུ་ཞིག་ཆགས་ཡོད་པས་སེམས་ཀྱི་ཀུན་སློང་བཟང་ངན་གྱིས་དབང་གིས་ལུས་ངག་གི་བྱ་སྤྱོད་ལ་ཡང་ཁྱད་པར་ཆེན་པོ་འབྱུང་བཞིན་ཡོད། དེས་ན་རང་རང་གི་ལུས་ངག་གི་སྤྱོད་ཚུལ་བཟང་ངན་གང་ཞིག་སྤྱི་ཚོགས་སུ་མ་ཐོན་སྔོན་སེམས་ཀྱི་ཀུན་སློང་བཟང་པོ་ཞིག་འཁྱེར་ནས་བརྟག་ཐབས་གནང་དགོས་པ་གནད་དུ་ཆེ། ཀུན་སློང་བཟང་པོ་འཁྱེར་བའི་ཕན་ཡོན་ནི་ཚེ་འདི་ཙམ་དུ་མ་ཟད་ཤུལ་ཐག་རིང་བའི་སྐྱེ་བ་ཕྱི་རྣམས་སུ་ཡང་རང་རང་གི་རྒྱུ་མཐུན་གྱི་འབྲས་བུ་བཟང་པོ་ཞིག་སྨིན་ཐུབ་པ་དང་རྣམ་སྨིན་ཡིད་དུ་འོང་བ་སོགས་ཀྱི་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད།

མདོར་ན་ ང་ཚོ་ཚང་མ་ཀུན་སློང་རྣམ་དག་ཅིག་འཁྱེར་ནས་རང་རང་གི་ལས་འགན་ལ་གཞོལ་བཞིན་པའི་ངང་ནས་མ་འོངས་བོད་ཀྱི་སོན་རྩྭ་ཚོར་དངོས་སུ་ཕན་ཐོགས་པའི་འབྲས་བུ་བཟང་པོ་ཞིག་སྨིན་པའི་སྨོན་འདུན་ཞུ་རྒྱུ་དང༌། རང་ཉིད་ལ་མཚོན་ནའང་ལོ་ངོ་ཉི་ཤུའི་རིང་དགེ་རྒན་གྱི་ལས་འགན་ལ་བརྩོན་དང་བརྩོན་བཞིན་པའི་སྐབས་འདིར་ཀུན་སློང་བཟང་པོའི་ཕྱོགས་ལ་ངོས་འདྲིས་གང་ཐུབ་བྱེད་ཁུལ་བྱས་ཡོད་ཀྱང་ལས་ཉོན་གྱིས་དབང་གིས་སྐབས་འགར་དྲི་མ་ངན་པའི་ཀུན་སློང་གི་གཞན་དབང་དུ་གྱུར་པ་ཇི་སྙེད་ཅིག་བྱུང་ཡོད་པའི་སྔར་བྱས་ལས་ངན་མཐོལ་བཤགས་ལྟ་བུའི་ཚུལ་དུ་བྲིས་པར་དགེ་བར་གྱུར་ཅིག།

དགེ་རྒན་ཉིན་མོར་དགེ་རྒན་ཞིག་གི་སེམས་གཏམ་དྲོན་མོ།                                                                                                   ལྷ་རུའི་བུ། ( ལ་དྭགས། )

དེ་རིང་སླར་ཡང་སྔར་རྒྱུན་བཞིན་ཕྱི་ཟླ་དགུ་པའི་ཚེས་ལྔ་ལ་སླེབས་སོང་། རྒྱ་གར་ནང་གི་ཤེས་ཡོན་སློབ་གསོ་ལ་དོན་གཉེར་ཅན་གྱི་སློབ་མ་ཆེས་མང་པོ་ཞིག་ལ་མཚོན་ན། དེ་རིང་གི་ཉིན་མོ་འདི་ནི། སྤྲོ་སྣང་དང་རེ་སྒུག་ཁྲོད་ཀྱི་ཉིན་མོ་དོན་སྙིང་ཅན་ཞིག་ཡིན་པ་སྨོས་ཅི་ལ་དགོས། དེ་རིང་ཞོགས་པ་སྔ་མོ་ནས་སློབ་མ་ཇི་སྙེད་ཅིག་གིས་ཉིན་གྲངས་མང་པོའི་གོང་ནས་རང་ལ་ཀ་ར་ཉོ་རྒྱུའི་དངུལ་འགའ་ཡོད་པ་དེས། དེབ་ཁང་དང་ཚོང་ཁང་ནས་དགེ་རྒན་ལ་འབུལ་རྒྱུའི་འཚམས་འདྲིའི་ཤིས་ཤོག་གི་རིགས་སྣ་ཚོགས་ཉོས་ནས།   བྲེལ་བྲེལ་འཚུབ་འཚུབ་ཀྱིས་དགེ་རྒན་གྱི་ཁང་པའི་སྒོ་ཁ་དང་། ཉིན་ལྟར་ཞོགས་པ་རང་གི་བརྩེ་བའི་དགེ་རྒན་དག་སློབ་གྲྭར་བསྐྱོད་སའི་ལམ་ཟུར། དེ་བཞིན་ད་དུང་སློབ་གྲྭའི་རྒྱལ་སྒོ་སོགས་ལ་འཚང་ཀ་ཤིག་ཤིག་གིས་སྙིང་ཁོང་རུང་པའི་གཏིང་ནས་འཚམས་འདྲི་ཞུ་རྒྱུའི་ཆེད་དུ་བསྒུགས་ནས་ཡོད་པ་སྨོས་ཅི་ལ་དགོས། ཤེས་ཡོན་སློབ་གསོར་དོན་གཉེར་དང་། དགའ་བའི་སློབ་མ་ཞིག་ལ་མཚོན་ན། དེ་ལྟར་བྱ་འོས་པ་མ་ཟད། ཅི་ནས་ཀྱང་བྱ་དགོས་པའི་དོན་དག་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན།

འོན་ཀྱང་བདག་ལ་མཚོན་ན། སློབ་མ་ཆེས་མང་པོས་དེང་སང་འབད་དགོས་པ་ཤེས་བྱའི་གནས་ལ་འབད་འབུངས་མ་བྱེད་པར། འབྲེལ་མེད་དོན་གཞན་གྱིས་དགེ་རྒན་གྱི་ཉིན་མོར་ཁག་འགེལ་བྱས་ནས་ཉིན་གྲངས་མང་པོར་རིན་ཐང་ཅན་གྱི་དཔེ་ཀློག་བྱ་རྒྱུའི་དུས་ཚོད་རྣམས་ཆུད་ཟོས་སུ་བཏང་ནས་སློབ་གྲྭའི་དུས་ཚོད་བེད་མེད་དུ་གཏོང་གིན་པ་ནི། ཆེས་བཟོད་དཀའ་ལ་ཕང་སེམས་ཀྱིས་ལུས་སེམས་སྡུག་གིས་མནར་བའི་སྡུག་གྱོང་འཕར་མ་ཞིག་རེད་འདུག ཁྱེད་རྣམས་ཀྱིས་རང་གི་དགེ་རྒན་ཚོར་ཟས་ཞིམ་པོའི་སྟོན་མོ་བཤམས་ནའང་རུང་། མ་བཤམས་ནའང་ཆོག གླུ་གར་གྱི་ལས་རིམ་ཡིད་ཏུ་འོང་བ་རེ་གོ་སྒྲིག་བྱེད་ནའང་རུང་། མ་བྱེད་ནའང་ཆོག ངར་དགོས་པ་ནི། ཁྱེད་རྣམས་འབྱུང་འགྱུར་བོད་དྲི་མ་ཡལ་བའི་བོད་མིའི་ཤུལ་འཛིན་པ་ཡང་དག་ཅིག་དང་། བོད་ཀྱི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་ལ་སྨན་པའི་བྱ་གཞག་ཐད་ལྷོད་གཡེང་མེད་པར་རང་དོན་རང་གཅེས་དང་། ལྷག་བསམ་གཡོ་བ་མེད་པའི་སྒོ་ནས་ཧུར་ཐག་བྱེད་མཁན་གྱི་སློབ་མ་མང་མང་ཞིག་ལ་འགྱུར་ན་ཅི་མ་རུང་སྙམ་པའི་བསམ་བློའི་རླབས་རྒྱུན་ཞིག་ནམ་ཡང་ཡིད་ལ་འཕྱོ་བཞིན་གདའ། དེང་སང་རང་རེའི་གཞོན་ནུ་ལོ་ཆུང་མང་པོས། བོད་མི་རིགས་ཀྱི་ཕ་མེས་ཡང་མེས་བརྒྱ་ཕྲག་མང་པོས་མི་ཚེའི་ནང་གི་དུས་ཚོད་རིན་བྲལ་ཅན་མང་པོར་དཀའ་སྤྱད་ཀྱི་འཕྲང་ལམ་དུ་མ་བརྒྱུད་དེ། སྔར་མེད་གསར་དུ་བསྐྲུན་པའི་རིག་གཞུང་གི་ཁྱད་ནོར་རིན་ཐང་ཅན་རྣམས་ལ་སྣང་ཆུང་དང་། གལ་ཆེན་དུ་མ་གཟིགས་ནས། འབད་བརྩོན་མི་བྱེད་པའི་ངང་ཚུལ་ཞིག་གང་སར་མཐོང་རྒྱུ་ཡོད་པ་དེ་ནི། མ་འོངས་པར་ང་ཚོའི་མི་རིགས་འདིའི་མགོ་ཐོག་ལ་ཆག་སྒོ་བསམ་ཡུལ་ལས་འདས་པ་ཞིག་ཡོང་རྒྱུའི་སྔ་ལྟས་སུ་སྣང་གི་འདུག་ན། དེ་རིང་ནས་སློབ་མ་ཁྱེད་ཅག་ཀུན་གྱིས་བོད་མི་རིགས་ཀྱི་རིག་གཞུང་ལ་གང་ས་ཅི་ཐད་ནས་ལྷག་བསམ་གངས་རི་ལས་དཀར་བ་ཞིག་ཡིད་ལ་དམ་པོར་བཅངས་ནས། ཐབས་ཤེས་ཡོད་དགུས་རྒྱུས་ལོན་སློབ་སྦྱོང་བྱ་གལ་ཤིན་ཏུ་ཆེ། དེ་ལས་ལྡོག་སྟེ་ད་ལྟ་བཞིན་མགོ་རུལ་ཡང་སྣ་བས་དྲི་མི་ཚོར་བའི་ངང་ཚུལ་ཡིད་སྐྱོ་དགོས་པ་དེ། ཉིན་འགྱངས་ཞག་འགྱངས་དང་། ཉིན་བརྩེགས་ཟླ་བརྩེགས་ཀྱིས་ལོ་ཡུན་གང་མཚམས་ཤིག་ཕྱིན་སོང་ན། ནམ་ཞིག་ས་སྒང་འདིའི་སྟེང་བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མེད་པར་མི་རིགས་ཡ་མ་ཟུང་ཞིག་ལ་འགྱུར་ངེས་པས། ཀུན་གྱིས་གཟབ་པར་བྱ་རྒྱུའི་དོན་ཞིག་རེད་སེམས། ལར་ན་ད་ལྟ་རང་ཅག་རྣམས་ནི། སྐྱིད་པའི་ཕ་ས་ཕ་ཡུལ་རྒྱ་ལག་ལ་ཤོར། ཤ་ཉེ་མིང་སྲིང་ཕལ་ཆེ་བ་སྐྱབས་མེད་མགོན་གྱིས་གཞིས་ལ་ལུས། ངེད་ཚོ་ནི་མི་ཡུལ་ས་མཐར་གྱར་ཏེ་ཕ་ཡུལ་མིག་ཟུང་གི་ཡུལ་དུ་མ་འགྱུར་ནས། བགྲང་བྱ་ཧྲིལ་པོ་བཅུ་ཕྲག་དྲུག་ཙམ་ཕྱིན་པའི་ས་སྒང་འདིའི་སྟེང་གི་ཡ་ང་བའི་མི་རིགས་ཤིག་ཡིན། ང་ཚོར་ཡིད་ཆེས་དང་རེ་བའི་མིག་གཉིས་འབུར་ཚུགས་སུ་གཏོད་མཁན་མང་བས། དེ་ལྟར་སྒྱིད་ལུག་གིས་སྣང་བ་སྐྱིད་སྐྱིད་བྱས་ནས་བསྡད་ན། གཅིག་ནས་སྔར་བསགས་བསོད་ནམས་ཀྱི་ཕུང་པོ་ཟད་པ་དང་། གཉིས་ནས་༸གོང་ས་མཆོག་གཙོས་བོད་གཞུང་གིས་ལོ་ངོ་མང་པོའི་རིང་རྒྱུ་གྲོན་མང་པོ་ཞིག་ཤེས་ཡོན་སློབ་གསོའི་སྟེང་ལ་བཏང་དང་གཏོང་གིན་ཡོད་པ་དེ་དག བྱེ་མ་ཆུ་སིམ་དུ་སོང་བ་ཡིན་པས། མནོ་བསམ་ཅི་ནས་ཀྱང་བྱ་དགོས།

ཡང་བཤད་འདོད་པ་ཞིག་ལ། ལོ་ན་ཕྲ་བའི་སློབ་མ་ལ་ལས་སྤྱི་སྒེར་གཉིས་ཀྱི་ཆེ་བའི་གཟི་བརྗིད་ལ་གནོད་པའི་ཐ་མ་ཁ་འཐེན་པ་ཙམ་དུ་མ་ཟད། ཆང་རག ད་དུང་སྡུག་པ་ལ་ལས་བཟི་སྨན་བཟའ་བ་དང་སྦྱར་རྩི་རྔུབ་མཁན་འདྲ་ཡོད་འདུག་པས། དེ་འདྲ་ནམ་ཡང་བྱ་མི་རུང་། དགེ་རྒན་གྱི་ཉིན་མོར་ཁྱེད་ཚོས་དམིགས་བསལ་གྱི་ཐུགས་སྤྲོའི་ལས་རིམ་ཅི་ཡང་བསྒྲིག་མེད་ནའང་ཆོག རང་གཞན་གཉིས་ཕུང་གི་བྱ་བྱེད་ཆེས་ཐ་ཤལ་གྱི་རིགས་དེ་འདྲ་བ་རྣམས་ནི། རང་གིས་མི་བྱ། གཞན་ལའང་བྱེད་དུ་མ་འཇུག་པར་འགན་འཁྲིའི་འདུ་ཤེས་ཡོད་པར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ལ་གནང་དགོས་པའི་བྱ་གཞག་ཅིག་ཡིན། ཁྱེད་ཚོས་དེ་ལྟར་རྩ་འགོག་གི་སླད་དུ་དམ་བཅའ་དང་། བྱ་འགུལ་འདྲ་སྤེལ་ཐུབ་ན། རང་གི་དགེ་རྒན་ཚོར་ཟང་ཟིང་གི་སྟོན་མོ་རབ་འབྲིང་ཐ་གསུམ་གང་ཡང་འབུལ་མ་ཐུབ་ནའང་། དོན་ལ་ཡིད་སེམས་དགའ་བའི་མཆོད་སྤྲིན་རྣལ་མ་ཞིག་འབུལ་བ་དང་ཁྱད་སེན་མོ་གང་ཙམ་ཡང་མེད་པས། ཁྱེད་ཚོས་གནད་ཁག་གང་ཡིན་སྣང་མེད་དུ་འཆོར་དུ་མ་འཇུག་རོགས། འདས་པའི་འཛམ་གླིང་གི་ལོ་རྒྱུས་དེབ་ཐེར་ནང་འདི་ལྟའི་གནས་ཚུལ་བྱུང་བའི་རྗེས་ཀྱི་ལག་རྗེས་སུ། མི་རིགས་ཆབ་སྲིད་ཀྱི་གཞུང་ཤིང་རྨེད་མེད་ལ་ཐོར་ནས། འུ་ཐུག་ཐབས་ཟད་ཀྱིས་གཞུང་དམངས་སར་འགྱེལ་བའི་ཆགས་འཇིག་ཉམ་ང་བསམ་པའི་ཡུལ་ལས་འདས་པ་མྱངས་པའི་ལོ་རྒྱུས་ཀྱི་འབྱུང་བ་དེ་དག་ཡིད་ཀྱི་མེ་ལོང་ན་གསལ་གསལ་ཐིང་ཐིང་གིས་དྲན་པར་བྱས་ནས། སྤང་བླང་འཇུག་ལྡོག་མ་ནོར་བར་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེ་ལྟར་ཡིད་ལ་བརྣགས་ནས་རང་གཞན་གྱི་མཚན་མཐོང་ལ་རྒྱར་རྨ་འབྱིན་ཏིལ་འབྲུ་ཙམ་ཡང་མེད་པ་ཞིག་གནང་ཐུབ་ན། དགེ་རྒན་གྱི་ཡིད་སེམས་ཅི་ལ་མི་དགའ། དེ་ནི་དགེ་རྒན་གྱི་ཉིན་མོར་གོ་སྒྲིག་གནང་བའི་ཐུགས་སྤྲོ་བརྒྱ་ཕྲག་མང་པོ་ཕྱོགས་གཅིག་ལ་སྤུངས་པ་ལས་ཀྱང་རླབས་ཆེ་ལ་རིན་ཐང་གཞལ་དུ་མེད་པ་ཅིག་ཡིན་པ་ཐེ་ཚོམ་གནང་དགོས་མ་མཆིས།

བཙན་བྱོལ་ནང་གི་ང་ཚོ་བོད་མིའི་སློབ་གྲྭ་རྣམས་ནི། བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་དང་འབྲེལ་བ་ཟབ་པས། ང་ཚོ་རྣམས་ད་དུང་ཇི་སྲིད་ཀྱི་བར་བཙན་བྱོལ་གྱི་འཚོ་བ་རོལ་དགོས་འབྱུང་བ། དེ་སྲིད་བར་ཤེས་ཡོན་གྱི་བསྟི་གནས་དེ་དག་སྔར་བཞིན་རྟག་ཏུ་བརྟན་དགོས་པ་ལྷག་ཏུ་གལ་ཆེ་ཡིན། དེས་ན་སློབ་གྲྭའི་ནང་གི་བོད་རིགས་སློབ་ཕྲུག་དང་། བོད་རིགས་མ་ཡིན་པའི་ཧི་མ་ཡའི་རི་རྒྱུད་སོགས་ནས་ཕེབས་པའི་སློབ་ཕྲུག་མཐའ་དག་གིས་ཀུན་སྤྱོད་ཐད་ཡིད་གཟབ་དོ་ནན་བྱ་དགོས། ལྷག་དོན་བོད་རིགས་སློབ་ཕྲུག་གིས་དམིགས་བསལ་འགན་དབང་བཞེས་ནས། དགེ་རྒན་བཟང་པོའི་སྤྱི་ལ་སྨན་པའི་ཐུགས་འཁུར་བཞེས་ཕྱོགས་དང་། ལམ་སྟོན་ལྟར་ཤར་བསྐྱོད་བྱ་རྒྱུ་གལ་ཆེ་ཡིན། དེ་མིན་བོད་ཀྱི་གཏམ་དཔེར་ཤ་ཞིམ་པོ་ཨ་ཁུ་ཝ་མོས་བཟས། ཁག་ངན་པ་ཨ་ཁུ་སྤྱིར་འགེལ་ཞེས་བཤད་པ་བཞིན། དེང་སང་བོད་པའི་ཞབས་འདྲེན་གཞན་གྱིས་ཞུས་རོགས་བྱེད་མཁན་མང་པོ་ཡོང་བཞིན་འདུག་པས། བོད་ཀྱི་མཚན་མཐོང་ལ་རྒྱ་སྲུང་སྐྱོབ་དང་། གོང་མཐོར་གཏང་རྒྱུར་བོད་པས་བཙུགས་གནང་བའི་སློབ་གྲྭ་དང་དགོན་པའི་ནང་གི་བོད་རིགས་སློབ་མ་སྤྱི་ཡིས་འོས་འགན་ཡིན་པས་ནམ་ཡང་མ་བརྗེད་པར་ཡིད་ལ་དྲན་པ་ཙམ་དུ་མ་ཟད། ཐུགས་འཁུར་དང་ཤ་ཚ་མ་བརླག་པའི་སྒོ་ནས་བྱ་བ་སྤེལ་ཐུབ་ན། དེ་རིང་དགེ་རྒན་ལ་འབུལ་རྒྱུའི་འཚམས་འདྲིའི་ལག་རྟགས་གོང་ན་མ་འཆིས་པ་དེ་འགྱུར་ངེས་ཡིན།

ལོ་ངོ་མང་པོར་དེ་རིང་གི་ཉིན་མོ་ལྟ་བུའི་བརྒྱུད་ནས་བདག་ལ་ཉམས་མྱོང་དངོས་སུ་བྱུང་བར་གཞིགས་ན། བདག་སོགས་དགེ་རྒན་མང་པོས་ཆེས་དགའ་ལ་ལྟ་སྙིང་འདོད་པའི་མིག་གི་དགའ་སྟོན་དང་། སེམས་ཀྱི་ལོངས་སྤྱོད་ཟད་མི་ཤེས་པ་ཞིག་ནི། ཁྱེད་རྣམས་ཀྱིས་ལུས་ལ་བོད་ལྭ་གྱོན། ངག་ནས་བོད་གླུ་ལེན་ཏེ། གར་སྟེགས་ཀྱི་སྟེང་ལ་བོད་ཀྱི་ཐུན་མིན་ཡུལ་སྲོལ་གོམས་གཤིས་ཀྱི་རྣམ་པ་བརྗིད་ཆེ་བ་རེ་འཁྲབ་སྟོན་གཟིགས་མོར་བཤམས་ན་ཅི་མ་རུང་སྙམ་ནའང་། ཁྱེད་རྣམས་ཀྱིས་ནི་རྟག་ཏུ་བོད་གཞས་དང་བོད་གླུའི་ཚབ་ལ། བལ་པོའི་གླུ། རྒྱ་གར་གྱི་གླུ་གཞས། ད་དུང་ནུབ་ཕྱོགས་ཀྱི་གཞས་གསར་འདི་འདྲ་རེ་འཁྲབ་སྟེ་རང་ཉིད་སྣང་བ་སྐྱིད་སྐྱིད་དང་། རང་གི་མཆོར་ཉམས་གཞན་ལ་ངོམ་ངོམ་བྱེད་པ། ཡང་ཡིད་སེམས་གཏིང་ནས་སྐྱོ་དགོས་པ་ཞིག་ལ་སློབ་མ་ཨ་གསར་ཅན་ལ་ལས་བོད་གླུ་ལེན་མཁན་དང་། བོད་བྲོ་འཁྲབ་མཁན་གྱི་སློབ་མ་ཚོར་འཕྱ་སྨོད་བྱེད་དེ།   ཁོང་ཚོ་གཏན་ནས་གར་སྟེགས་ཀྱི་སྟེང་ལ་ལངས་རྒྱུ་མེད་པར་གཏང་བ་ནི་ཆེས་བློར་མི་གཤོང་དཀའ་བའི་གནད་དོན་ཞིག་ཡིན།   འདི་ལྟའི་ངང་ཚུལ་ཞིག་དགེ་རྒན་ཡིན་མིན་ལ་མ་ལྟོས་པར། མང་པོར་ཐུགས་ཚོར་ཉམས་སྣང་དེ་འདྲ་གཅིག་མཚུངས་བྱུང་འདུག་པས། དུས་སྐབས་དེ་འདྲའི་སྐབས་ཚང་མས་བོད་ལྭ་དང་བོད་གླུ་ལེན་ནས་སྲུང་གཙི་བྱ་ཐུབ་ན། འཕྲལ་དུ་དགེ་སློབ་ཐམས་ཅད་སྣང་བ་སྐྱིད་པ་དང་། ཕུགས་སུ་མི་རིགས་ཀྱི་རིག་གཞུང་གོམས་གཤིས་སོགས་རྒྱུན་གནས་ཐུབ་སླད། རམ་འདེགས་ཞུ་ཐུབ། དེ་ཡང་དགེ་རྒན་གྱི་ཐུགས་མཉེས་པའི་བྱ་བ་རླབས་ཆེན་ཞིག་ཡིན་པས། མ་བརྗེད་པར་འཚལ།།

མཐའ་དོན། དུས་རྟག་ཏུ་དུས་རབས་འདིའི་སྟོན་པ་བླ་ན་མ་མཆིས་པ་འཕགས་པ་ཐུགས་རྗེ་ཅན་མིའི་རྣམ་པར་རོལ་བ་གངས་ཅན་བོད་ཀྱི་ལྷ་གཅིག་ཕྱག་ན་པདྨོ་གང་ཉིད་གཙོས། རང་རེའི་བོད་གཞིས་གཉིས་སུ་གནས་འཁོད་བོད་ཀྱི་ཆོས་དང་རིག་གཞུང་ལ་དུངས་བ་ཟབ་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་། ཐུགས་འདོད་ཇི་བཞིན་མངོན་འགྱུར་ཡོང་སླད། སྒང་བ་བོད་མི་ཡོངས་ཀྱིས་ལྷོད་གཡེང་མེད་པར་དུས་ཆེན་དང་ཐུགས་སྤྲོ་གོ་སྒྲིག་བྱེད་པ་ཙམ་ལ་ཚིམས་ནས་བསྡད་པ་མ་ཡིན་པར། ཁ་ཡོད་ལག་ཡོད་ཀྱིས་བྱ་བ་དོན་ལ་འཁྱོལ་རྒྱུའི་ཐད་ལ་རྩོལ་བ་བསྟེན་ཐུབ་ན་བཤེས་གཉེན་མཉེས་པའི་རྒྱུ་འབའ་ཞིག་ཡིན་པས། དེ་ལྟར་རང་ཅག་ཀུན་གྱིས་ཡིད་ལ་ཟུངས་ཤིག ། །།

དྲང་བདེན་རྒྱལ་ཁའི་མཚོན་རྟགས། བོད་ཁྱིམ་སློབ་དགེ།                                                                                                 བསོད་ནམས་ཚེ་རིང་ཨཅཱརྱ།

གཙུག་རྒྱན་བཀུར་འོས་པའི་འཛམ་གླིང་ཞི་བའི་དེད་དཔོན་བོད་གངས་ཅན་གྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་མི་དམངས་ཀྱི་སྤྱན་ལམ་དུ་ཨ་རི་དང་ནོར་བྷེ་ལ་སོགས་རྒྱལ་ཁབ་མང་པོ་ཞིག་གིས་ཞི་བའི་རྟགས་མའི་གཟེངས་བསྟོད་འབུལ་བཞེས་གནང་བར་སོང༌། ཕྲན་གྱི་མི་ཚེའི་ནང་གི་དོན་ཆེན་དངོས་སུ་གྲུབ་པ་བཞིན་དགའ་སྤྲོའི་ཚོར་ཤུགས་རྦ་རླབས་འཛད་མཐའ་མ་མཆིས་པའི་དུས་བཟང་ཞིག་ཏུ་གྱུར་ཡོད། ད་ལན་བོད་ཁྱིམ་གྱི་ལོ་འཁོར་བརྙན་དེབ་འདིའི་ཐོག་སེམས་ཀྱི་རི་མོ་མ་བཀོད་པའི་སྔ་རོལ་དུ་དང་ཐོག་ཆོལ་གསུམ་བོད་རིགས་ཡོངས་ཀྱི་མགྲིན་ཚབ་ཞུས་ནས་ནོར་བྷེ་དང་ཨ་རི་སོགས་ཀྱི་གཞུང་འཛིན་པ་དང་འབྲེལ་ཡོད་མི་མང་རྣམས་ལ་བཅོས་མིན་གྱི་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡི་རངས་བསྔགས་བརྗོད་ཞུ་རྒྱུ་འདི་ནི་ཕྲན་རང་གཞི་རིམ་བོད་མི་གཅིག་ཡིན་པའི་ཆ་ནས་བཟང་སྤྱོད་དང་མཐུན་པའི་ངང་སྐབས་བབ་རང་འཁྲི་ལས་འགན་བླ་མེད་ཅིག་ཡིན་པ་ངོས་འཛིན་ཞུ་གི་ཡོད། དེ་ཡང་དོན་གནད་དང་འབྲེལ་ནས་གླེང་བར་བྱ་བ་ནི། འདི་ལྟ་སྟེ། སྤྱིར་རྒྱལ་ཁབ་གང་དང་གང་ཡིན་ཡང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཁེ་ཕན་དང་འབྲེལ་ནས་རྒྱལ་ཁབ་གཞན་དང་མཉམ་དུ་ལས་དོན་རྩོམ་གྱི་ཡོད་པ་ནི་སྨོས་ཅི་དགོས། འོ་ཅག་གངས་ཅན་པ་རྣམས་རང་ཡུལ་བྲལ་ནས་མི་ཡུལ་དུ་མི་ལོ་ལྔ་བཅུ་ལྷག་ཕྱིན་པའི་དུས་ཡུན་རིང་མོ་དེའི་ནང་བོད་ཀྱི་རྩ་དོན་བསྒྲུབ་རྒྱུའི་ཐོག་རྒྱ་ནག་གཙོས་པའི་རྒྱལ་ཁབ་གཞན་དང་འབྲེལ་མོལ་མང་དག་ཅིག་གནང་དང་གནང་མུས་ཡིན། བོད་གངས་ཅན་གྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་སྲུང་སྐྱོབ་དགོས་ངེས་ཐོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དམ་ཟབ་གནང་དགོས་པའི་བཀའ་སློབ་རིམ་པར་ཕེབས་ཡོད། དེའི་མཐར་ཐུག་བསྒྲུབ་བྱ་ནི་འཛམ་གླིང་ཁོར་ཡུག་ནང་དུ་དོན་དམ་གྱི་ཞི་བདེ་ཁྱབ་སྤེལ་འགྲོ་རྒྱུར་སླད་དུ་ཡིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་ཀྱི་དགོངས་ཚུལ་གཏིང་ཟབ་ཡོད་པ་དེ་དག་བསྡུས་དོན་རིམ་པར་ཞུས་ན། དམིགས་པ་དང་པོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་ཁུར་བཞེས་ཀྱི་ཡོད་པ་དང༌། གཉིས་པ། འགྲོ་བ་མི་རིགས་ཡོངས་རྫོགས་ཀྱི་དོན་དང༌། གསུམ་པ། ནང་ཆོས་དང་རིག་གཞུང་གི་དོན། བཞི་པའམ་མཐའ་མ་འདི་ནི་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན་གྱི་ཡོད་པ་ལོང་བའི་བལྟས་ན་མཐོང་ཚོད་དང་། འོན་པའི་ཉན་ན་གོ་ཚོད་ཀྱི་མཚམས་ལ་སླེབས་ཡོད་པ་ཡིན། དེ་དང་དེ་མཚུངས་ཀྱི་བོད་མི་རྣམས་ལ་བདེན་པ་དང་འཚེ་བ་མེད་པའི་ལངས་ཕྱོགས་བརྟན་པོ་ཟིན་རྒྱུའི་ཐོག་ཚད་མཐོ་པོའི་དམངས་གཙོ་ལེགས་སྐྱེས་གནང་བར་བརྟེན་བོད་ཀྱི་སྤྱི་ཚོགས་ལ་མཚན་མཐོང་དང་གཟི་བརྗིད་ཆེ་རུ་འགྲོ་བར་རང་བཞིན་གྱི་ངོས་ལེན་བྱེད་ཐུབ། ༧གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྐུ་ཚབ་རྣམས་ཀྱིས་ལོ་མང་རིང་རྒྱ་བོད་གཉིས་དབར་གཉིས་སྨན་དབུ་མའི་ལམ་ནས་ཞི་མོལ་ཇི་ཙམ་གནང་ཡང་རྒྱ་ཕྱོགས་ནས་ནུས་ལྡན་གྱི་ཡ་ལན་དངོས་སུ་དུས་ད་ལྟའི་བར་གནང་ཐུབ་མེད་པ་ཡིན། དེར་བརྟེན་ཕྱིའི་རྒྱལ་ཁབ་གཞན་དང་ཨ་རི་ལྟ་བུ་རོགས་ཚོགས་བརྒྱུད་ནས་རྒྱ་ནག་རང་གི་རྩ་ཁྲིམས་སྒྲོམ་གཞི་དང་མཐུན་པའི་ཞི་འགྲིག་འབྲེལ་མཐུད་ཐེངས་མང་བྱས་ཡོད། ༸མགོན་པོ་མཆོག་གི་འཛམ་གླིང་ཡུལ་གྲུ་ཕྱི་ནང་བར་གསུམ་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཉི་འོད་བཞིན་རྒྱས་པ་མ་ཟད། འགྲོ་བ་མིའི་རིན་ཐང་དང་ཐོབ་ཐང་ལ་དུས་ནས་དུས་སུ་བརྩི་སྲུང་བྱེད་དགོས་པའི་ལམ་སྟོན་བདུད་རྩི་བཀའ་སློབ་དང༌། ལྷག་དོན་དུ་འཛམ་གླིང་འདིའི་སྟེང་གི་སེམས་ཅན་ཀུན་ལ་བདེ་རྩར་དམིགས་པའི་ཡར་ངོ་མཛད་འཕྲིན་དང༌། དུས་རབས་ཉེར་གཅིག་པའི་ནང་ཁོང་གི་དྲང་བདེན་མཁྱེན་ཡོན་ལ་ཆེ་བསྟོད་དང་བསྔགས་བརྗོད་ཀྱི་མེ་ཏོག་ཕྱོགས་བཅུར་ཐོར་བ་དེ་འཛམ་གླིང་ནང་ངོས་འཛིན་གསལ་པོ་བཏོན་པའི་མཚོན་རྟགས་ནི་ནོར་བྷེ་དང་ཨ་རི་སོགས་ཀྱི་རྒྱལ་ཁབ་མང་པོའི་གཞུང་ནས་ཁོང་གི་མཛད་རྗེས་ལ་རྟགས་མའི་གཟེངས་རྟགས་འབུལ་བ་དེ་ཡིན་ལ་དྲང་བདེན་གྱི་རྒྱལ་ཁ་ཡང་ཡིན་པར་ཡིད་ཆེས་བྱེད་ཐུབ། དཔེ་མཚོན་ཙམ་དུ་ཨ་རི་རྒྱལ་ཁབ་དེ་འཛམ་གླིང་རྒྱལ་སྤྱི་ནང་མིང་དོན་མཚུངས་པའི་ཡར་རྒྱས་ཡོང་སླད་རྒྱལ་ཁབ་གཞན་དང་མཉམ་དུ་མཐུན་འབྲེལ་དང་བསྟུན་མཁས་དགོས་ཀྱི་ཡོད་ནའང་། གནས་སྐབས་རང་གི་རྒྱལ་ཁབ་ཁེ་ཕན་བློས་བཏང་ནས་རྒྱལ་ཁབ་ཀྱི་འབྲེལ་ལམ་དང་དཔལ་འབྱོར་སོགས་ཀྱི་གྱོང་རྒུད་ལ་འཇིགས་ཞུམ་དོར་ནས་བོད་དོན་ཆེད་དཔའ་རྒོད་མདུན་བསྐྱོད་ཆེན་པོ་བྱས་པ་དེ་འབྱུང་འགྱུར་བོད་ཀྱི་ལོ་རྒྱུས་རི་མོའི་ནང་བཀོད་རྒྱུའི་གོར་མ་ཆག མཐའ་དོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། བོད་དོན་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་བའི་བཀྲ་ཤིས་དགེ་བའི་སྨོན་འདུན་དང་བཅས་འཇིག་རྟེན་རྒྱལ་གྱུར་ཅིག

དགེ་བསྟན་འཛིན་ལགས།                                                                                                                                 ལ་དྭགས།བོད་དགེ་ཀརྨ་བསོད་ནམས།

དགེ་ལགས་ནི་སློབ་གྲྭ་ཆེ་བའི་བོད་དགེ་ཡིན།ཁོང་ནི་གཟུགས་རིང་ལ་སུས་ཀྱང་མཐོང་དོད་པ་ཞིག་ཡོད།དགེ་ལགས་ཀྱི་ཐུགས་ནི་བ་སོའི་མདོག་ལྟར་དཀར་ལ་གཤིས་རྒྱུད་མདའ་ལྟར་དྲང།དགེ་ལགས་ཀྱིས་སློབ་མ་ཚང་མའི་དགོས་མཁོ་ཆེ་ཕྲ་ཀུན་ལ་གཟབ་ནན་གྱིས་ཐུགས་སྣང་གནང་གི་ཡོད།ཁོང་གིས་སློབ་གྲྭའི་ལས་དོན་ཁག་ལ་འཐུས་ཤོར་མེད་པ་ཚགས་ཚུད་དོན་སྨིན་ལྡན་པ་གནང་གི་ཡོད།དགེ་ལགས་ནི་སྙིང་སྟོབས་དང་ཐུགས་དཀྱེལ་ཡངས་པའི་དགེ་ལགས་ཤིག་ཡིན།དགེ་ལས་ཚང་མའི་ཁྲོད་ནས་དགེ་བསྟན་འཛིན་ལགས་ནི་ཐུགས་བསྐྱེད་ཕུན་སུམ་ཚོགས་པའི་དགེ་ལགས་ཡིན།དགེ་ལགས་ཀྱིས་གཟབ་གཟབ་ཀྱིས་རྣམ་དཔྱོད་བཙལ་དུ་བཏོན་ནས་ཐབས་ཤེས་འདྲ་མིན་སྒོ་ནས་སློབ་འཁྲིད་གནང་གི་ཡོད།དགེ་ལགས་ཀྱིས་སློབ་མ་ཚོར་ཆོས་དང་མཐུན་པའི་སྒོ་ནས་མི་ཚེ་ཡང་དག་པ་ཞིག་བསྐྱལ་ཏེ་རང་ཉིད་ལམ་སྟོན་གྱི་སྒྲོན་མེ་ཞིག་ཏུ་བསྒྱུར་དགོས་པའི་བཀའ་སློབ་ལམ་སྟོན་བསྐྱར་ལྡབ་ཡང་ལྡབ་གནང་གི་ཡོད།མདོར་ན་དུས་དང་རྣམ་པ་ཀུན་ཏུ་ཕན་པ་བཟང་པོའི་གདམས་ངག་གི་འོད་ཟེར་དག་སྤྲོ་བར་མཛད་དོ།དགེ་སློབ་རྣམས་ནི་ཆུ་དང་འོ་མ་འདྲེས་པ་ཇི་བཞིན་ཕན་ཚུན་མཛའ་གཅུགས་དང་དགའ་སྤྲོ་དང་གུས་ཞབས་ལྡན།སློབ་མ་ཚང་མས་ཁོང་ལ་དགའ་ཞེན་ཆེན་པོ་གནང་གི་ཡོད།
ལྷག་པར་དུ་ཁོང་གིས་སློབ་མ་རིག་པ་རྟུལ་པོ་དང་ཡོན་ཏན་ཇི་ཙམ་བསླབས་ཀྱང་ཤེས་དཀའ་བ་དང་།གཤིས་རྒྱུད་རྩུབ་པོ་ཡིན་མཁན་གྱི་སློབ་མ་དེ་དག་ལ་ཡིད་རྨུགས་བྲལ་སྟེ་བྱམས་བརྩེ་ཀུན་ནས་བསླངས་ཏེ་སློབ་མ་དེ་དག་ལ་ཤེས་ཡོན་སློབ་པ་མ་ཟད་ཕྱོགས་ཐམས་ཅད་ནས་གཟིགས་རྟོགས་ཀྱང་གང་ལེགས་གནང་གི་ཡོད།
རྒྱུ་མཚན་འདི་ལ་གཞིགས་ནས་སློབ་མ་ཚང་མས་དགེ་ལས་ཚང་མའི་ཁྲོད་ནས་བོད་དགེ་བསྟན་འཛིན་ལགས་ནི་དགེ་ལགས་རྩེ་ཕུད་ཅིག་ལ་རྩིས་འཇོག་གནང་གི་ཡོད།དགེ་སློབ་ཚང་མའི་ཐུགས་ཉེ་ཤོས་དང་དགེ་སློབ་ཚང་མའི་ལམ་སྟོན་བཀའ་སློབ་ཞུ་ས་དང་སློབ་གྲྭའི་སྐོར་ལ་རྒྱུས་མངའ་ཆེ་ཤོས་ཀྱང་ཡིན།
དགེ་ལགས་ལ་དམིགས་བསལ་ཁྱད་ཆོས་ཤིག་ནི་ཁོང་ཉིན་མ་གཅིག་གི་མི་ཡིན།ཁོང་རྟག་ཏུ་ཞི་བདེ་དང་བག་ཕེབས་དང་བློ་རྩ་བརྟན་པོ་དང་བཏང་སྙོམས་ཀྱི་འོད་རླབས་འཕྲོ་བཞིན་མཛུམ་དམུལ་དམུལ་ངང་གནས།ཀུན་དང་འདྲིས་བདེ་ཞིང་།ཁོང་གིས་སློབ་མ་རྣམས་དང་ལྷན་དུ་བཀའ་མོལ་གནང་སྟངས་དང་ན་བཟའ་མཆོད་སྟངས་དང་འཛིན་གྲྭའི་ནང་སློབ་འཁྲིད་གནང་སྟངས་ནི་ཆེས་ཡིད་དུ་འོང་ལ་ངོ་མཚར་ལྡན།
ང་ཚོའི་སློབ་གྲྭའི་ནང་དུ་སྒོ་ལྕགས་འབྱེད་པའི་ལྡི་མིག་ལྟ་བུ་དགེ་ལགས་མང་དག་ཅིག་ཡོད་ཀྱང་བོད་དགེ་བསྟན་འཛིན་ནི་སློབ་མའི་བློ་སྒོ་འབྱེད་མཁན་གྱི་ལྡེ་མིག་གཙོ་བོ་ལྟ་བུ་ཞིག་ཡིན།དགུན་ཁ་གནམ་གཤིས་ཆེས་གྲངས་ངར་ཆེ་བའི་སྐབས་སུའང་ཁོང་གིས་སློབ་མ་རྣམས་ཕྱིར་ཉི་མ་བསྲོ་ལ་བསྐྱོད་དེ་སྤྲོ་སྣང་ལྡན་པའི་སྒོ་ནས་སློབ་མ་རྣམས་ལ་སློབ་ཚན་སློབ་འཁྲིད་གནང་གི་ཡོད།ཁོང་འདོད་རྔམ་དང་བརྣབ་སེམས་སོགས་ཀྱི་དབང་དུ་མི་འགྲོ་བར་མི་ཚེ་ཚུལ་མཐུན་དང་སྟབས་བདེ་སྐྱེལ་མཁན་ཞིག་ཡིན་ལ་ཞི་བདེ་དང་ལྷིང་འཇགས་ཀྱི་འཚོ་བ་གཙིགས་ཚེར་འཛིན་མཁན་ཞིག་ཀྱང་ཡིན།ཕན་མ་ཐོགས་པའི་གཏམ་གླེང་ལ་མགོ་འཁོར་ཏེ་རིན་བྲལ་གྱི་དུས་ཚོད་འཕྲོ་བརླག་ནམ་ཡང་མི་གཏོང་།སུས་ཀྱང་གཅུན་དཀའ་བ་དང་ངན་ལང་དུ་ཤོར་བའི་སློབ་མ་དེ་དག་ལ་དགེ་ལགས་ཀྱིས་བྱམས་དང་བརྩེ་བའི་ཐབས་ལམ་རྨད་དུ་བསྟེན་པའི་སྒོ་ནས་ལམ་ཡང་དག་པར་འཁྲིད་གནང་གི་ཡོད།
ཉིན་ཞིག་དགེ་བསྟན་འཛིན་ལགས་གློ་བུར་དུ་བསྙུན་གཞི་ཚབས་ཆེན་ཞིག་ཕོགས་ཏེ་བཀའ་མོལ་གསུང་དཀའ་ལ་ཞལ་ལག་ཀྱང་མཆོད་དཀའ་བའི་གནས་སྟངས་སུ་གྱུར།སློབ་གྲྭའི་ངོས་ནས་སྨན་ཁང་གང་དྲགས་དྲགས་དང་སྨན་པ་གང་ཡག་ཡག་ལ་བསྟེན་ཀྱང་དྲག་བསྐྱེད་གང་ཡང་མ་ཕྱིན།དགེ་ལགས་ནད་ལས་མགྱོགས་མྱུར་གསོ་ཐབས་ཆེད་དགེ་སློབ་ཚང་མས་སློབ་གྲྭའི་མཆོད་ཁང་ནང་དུ་དམིགས་བསལ་ཞལ་འདོན་བྱས།སྨན་ཁང་དུ་དགེ་ལགས་ཐུག་ལ་བསྐྱོད་མཁན་སློབ་མ་རྒན་གཞོན་བར་གསུམ་གཅིག་བསྟུད་གཉིས་མཐུད་སླེབས།
ཉིན་ཞིག་ཞོགས་པ་འདུ་འཛོམས་སྐབས་སུ་དགེ་ཆེ་མཆོག་གིས་དགེ་བསྟན་འཛིན་ལགས་སྙུན་གཞི་ལྗིད་པོ་དེ་ལས་མྱུར་དུ་དྭངས་ཤིང་ལུས་ཟུངས་སྔར་ལྟར་རང་འཇག་གསོས་ཡོད་པའི་གཏམ་བཟང་གསུང་མ་ཐག་དགེ་སློབ་ཡོངས་རང་དབང་མེད་པར་མིག་ཟུང་ནས་དགའ་བའི་མིག་ཆུ་འདོན།འཛིན་གྲྭ་གྲོལ་གྲབས་སྐབས་སུ་ཁོ་བོས་དགེ་ལགས་སྨན་ཁང་ནས་གཟིམ་ཤག་་ལ་འབྱོར་ཡོད་པའི་གཏམ་བཟང་ཐོས་བྱུང་།འཛོན་གྲྭ་གྲོལ་མ་ཉིད་དུ་འཛིན་གྲོགས་ཁ་ཤས་དང་ལྷན་དུ་དགེ་ལགས་ཀྱི་གཟིམ་ཤག་ལ་ཁོང་ཐུག་པར་ཕྱིན།དགེ་ལགས་ཁྱིམ་མདུན་གྱི་བར་ཁྱམས་ཤིག་ལ་བཞུགས་ཏེ་སྣང་བ་སྐྱིད་ལ་སོས་དལ་ངང་ཕྱག་དེབ་ཀློག་ནས་བཞུགས་འདུགདགེ་ལགས་མཇལ་མ་ཐག་སློབ་མ་ཚང་མའི་མིག་ཟུང་ནས་དགའ་སྐྱོ་འདྲེས་མའི་མིག་ཆུ་རང་དབང་མེད་པར་ཤོར།དགེ་ལགས་ཀྱིས་ང་ཚོ་གཟིགས་མ་ཐག་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།
དགེ་ལགས་ཀྱིས་ཁྱེད་ཚོ་ང་ཐུག་ལ་ཡོང་བ་བཀའ་དྲིན་ཆེ།དགེ་ལགས་ཀྱི་གཟུགས་གཞི་སྔར་ལས་ཅུང་ཉམས་ཞན་དུ་ཕྱིན་འདུག
དགེ་ལགས་ཀྱིས་ང་ཚོར་ཆུ་མངར་མོ་ཤེལ་ཕོར་གང་རེ་དང་བཞེས་ཐོག་ཞུས།ཁོང་གིས་གསེར་ལས་དཀོན་པའི་དུས་ཚོད་འདི་ནམ་ཡང་འཕྲོ་བརླག་ཏུ་གཏོང་མི་རུང། ཡང་ཁོང་གིས་གློ་སྙིང་བྲང་གསུམ་སྒོ་ནས་སློབ་སྦྱོང་ལ་འབད་འབུངས་བྱེད་དགོས་པ་སོགས་ཀྱི་ཡིད་ལ་འཇུག་པ་བདེ་བའི་ལམ་སྟོན་བཀའ་སློབ་མང་དག་ཅིག་གནང་བྱུང་།དེ་ནས་ང་ཚོ་དགོང་དྲོའི་ཞལ་ལག་གི་དུས་ཚོད་རན་གྲབས་ཡོད་པས་དགེ་ལགས་ལ་དགོངས་པ་ཞུས་ཏེ་སྡོད་ཁང་ལ་ལོག་ཡིན།དེ་རིང་ངའི་མི་ཚེའི་ཁྲོད་ཀྱི་ཆེས་དགའ་སྤྲོ་ལྡན་པའི་ཉིན་མ་སྐྱིད་ཤོས་ཤིག་ཡིན།

ཕྱི་ལོ་༢༠༡༨ཟླ༨ཚེས༡༦ཉིན།

དགེ་རྒན་ཞིག་གིས་བྱ་གཞག་དང་༸གོེང་ས་མཆོག་གི་བཀའ་དྲིན།                                                                                             བློ་བཟང་མཁས་གྲུབ།

གུས་རང་ཉིད་མི་ཚེའི་བཟང་ཕྱོགས་སམ་དར་མའི་དུས་ཚོད་སྐབས་ཕ་ཡུལ་གྱར་ནས་མི་ཡུལ་ལ་དཀའ་ངལ་ཆེན་པོ་ཕྲད་བཞིན་བའི་རིང་གུས་པ་རང་ཉིད་ཀྱི་ནུས་པ་ཇི་ཡོད་ཆ་ཚང་བ་ཞིག་སློབ་གླིང་འདིའི་ནང་ཞབས་ཞུ་གནང་བར་རྒྱ་མ་ཆུང་བ་ཞིག་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་དང་མཉམ་དགེ་རྒན་ཟེར་ན་གང་འདྲ་ཞིག་དགོས་མིན་སྙིང་བསྡུས་ཤིག་བཀོད་ན་སྙམ་པའི་བསམ་ཚུལ་ཐོར་བུ་ཞིག་འདི་ལྟར་རོ།

སློབ་གྲྭའི་མི་ཚེ་ནི་བྲེལ་ཚུབ་ངང་ནས་ཟད་ཀྱིན་པའི་གནས་སྟངས་རེ་རེ་བསམ་ན་འདི་དང་འདི་ཡིན་ཞེས་དགེ་རྒན་ཞིག་གི་ངོས་ནས་མངོན་གསལ་དོད་པོས་རྡོག་རྡོག་ཅིག་མིག་སྟོན་བཤམས་རྒྱུ་མེད་ཀྱང་རང་ཉིད་རང་ལ་ཤེས་བྱ་ཡོན་ཏན་དེ་ཕངས་སེམས་མེད་པར་གནང་དང་གནང་བཞིན་པའི་རླབས་ཆེན་ཀྱི་བྱ་གཞག་དེ་ནི་ཤེས་རབ་ཀྱི་མིག་སྦྱིན་པ་དང་ཁྱད་པར་མེད་པ་དེ་ནི་གཟི་བརྗིད་ཆེ་ཞིང་དོན་སྙིང་ལྡན་པ་ཞིག་མ་རེད་དམ།

སྤྱི་ཚོགས་ཀྱི་ངོས་ཐད་ནས་དགེ་རྒན་གྱི་ལས་རིགས་ནི་ཁེ་ཆུང་གོ་ཐོབ་མེད་པའི་མཉམ་དཀའ་ཚེགས་ཆེ་ཞིང་ཡོང་འབབ་མེད་པ་ཞིག་ཏུ་དགོངས་ཡོད་པ་འདི་རེད་ལ་དེ་ཡང་ཕྱོགས་གཅིག་ནས་བདེན་དུ་བཅུག་ཀྱང་དགེ་རྒན་ཀྱི་ལས་རིགས་ནི་སུ་དང་གང་གིས་ཡོང་ཆོག་ཆོག་ཅིག་གཏན་ནས་མ་ཡིན་པར་ཆེ་ས་ནས་མི་རིགས་ཤིག་གི་མཚོན་རྟགས་དང་ཆུང་ས་ནས་དེང་དུས་ཀྱི་གཞོན་སྐྱེས་རྣམས་ཀྱི་མི་ཚེའི་མདུན་ལམ་ཁ་ཕྱོགས་བསྐྲུན་མཁན་དུ་འགྱུར་ཡོད་པས།ལས་གནས་འདི་ནི་ཉེན་ཁ་ཆེ་བའི་བྱ་བཞག་ཅིག་ཡིན་པས་གནས་འདི་ལ་རང་ག་བ་ཞིག་གིས་ཡོང་ཐབས་རྩ་བ་ནས་མེད་པ་ཚང་མས་མཐོང་ཆོས་སུ་ཡོད།

དགེ་རྒན་ཞིག་གིས་རང་ཉིད་ནི་མ་རིག་མུན་པ་སེལ་བའི་སྒྲོན་མེ་ལྟ་བུ་ཞིག་ཡིན་པའི་ངོས་ཟིན་དགོས་ལ་དེ་བཞིན་སྒོ་གསུམ་གྱི་བྱ་སྤྱོད་ལ་ཡང་མིག་དཔེ་འོས་བའི་སྐྱེ་བོ་ཞིག་དགོས་པ་གལ་ཆེ།ལྷག་པར་དུ་བོད་མི་རིགས་འདི་ཉིད་ལ་མཚོན་ནས་བརྗོད་ནའང་མ་འོངས་པའི་རེ་ལྟོས་བཅོོལ་ས་ནི་ད་ལྟ་འཚར་བཞིན་པའི་སློབ་གྲྭའི་རྭ་བ་ན་རིག་སྟོབས་རྒྱས་དང་རྒྱས་བཞིན་པའི་མི་རབས་འདི་དག་རེད།དེང་དུས་ཀྱི་གཞོན་སྐྱེས་རྣམས་ཤེས་འཇོན་གཞུང་དྲང་ཞིག་ཏུ་གསོ་སྐྱོང་གནང་རྒྱུ་དེ་རེད།དེ་ལས་ལྡོག་ཏུ་སོང་ན་ནི་མིང་རླབས་ཆེན་ཞིག་གིས་འོག་ནས་དོན་ལ་མི་རིགས་དེའི་གཤེད་མ་ཞིག་བྱུང་ན་མི་འགྲིག་པས།ཉིན་རེའི་བྱ་གཞག་ཁྲོད་ནས་རང་ཉིད་རང་ལ་དྲི་བ་ཞིག་གཏོང་རྒྱུ་དེའང་གནད་འགག་ཆེ་ཤོས་ཞིག་ཡིན་བསམ་ཀྱི་འདུག།རླབས་ཆེན་གྱི་དགེ་རྒན་ཞིག་གིས་འོག་ནས་འཚར་ལོངས་བྱུང་བཞིན་པའི་སློབ་ཕྲུག་དེ་དག་ནི་མ་འོངས་པའི་མི་རིགས་དེའི་ཀ་བ་ལྟ་བུ་འགྱུར་ངེས་ཡིན་ལ་དེ་ལྟ་བུ་ཞིག་གསོ་སྐྱོང་གནང་ཐུབ་ན་ནི་ཆེ་ས་ན་མི་རིགས་ཤིག་དང་ཆུང་ས་ནས་སློབ་ཕྲུག་དེ་དག་གི་མི་ཚེ་མདུན་ལམ་བསྐྲུན་ཐུབ་སོང་བས་འདི་ལས་རླབས་ཆེན་ཞིག་དང་འདི་ལས་བྱས་རྗེས་ཅན་ཞིག་གང་དུ་ཡོད།ཆོས་འཇིག་རྟེན་གང་ནས་བསམ་ཡང་འདི་ལས་རླབས་ཆེན་ཞིག་དཀོན་པོ་ཡིན།

༸གོང་ས་མཆོག་གིས་དགུང་ལོ་བཅུ་དྲུག་ནས་དུས་ད་ལྟ་དེང་སང་གི་བར་སྐབས་འདི་འདྲ་ཡིན་ནའང་ཕྱག་ཟུང་ཐལ་མོ་སྦྱར་ནས་ཤར་ནུབ་ཀུན་ཏུ་ཞབས་ཀྱིས་བཅགས་ནས་སྐུ་ངལ་མཛད་མེད་གནང་དང་གནང་བཞིན་པ་འདི་དག་དོན་དམ་པས་སུ་ཞིག་གིས་ཆེད་དང་གང་ཞིག་གིས་དོན་དུ་ཡིན་ནམ།འདི་ཡོད་ཚད་བོད་མི་ས་ཡ་དྲུག་གི་བདེ་སྡུག་གིས་ཆེད་དུ་ཡིན་པར་ངོས་ཟིན་ཐོབ་རྒྱུ་གལ་ཆེན་པོ་རེད་ལ་ཐོབ་དགོས་པ་ཞིག་ཀྱང་རེད།འདི་ལྟར་བསྡད་ཆོག་ཆོག་ཅིག་དང་ཟ་ཆོག་ཆོག་གིས་སློབ་གྲྭའི་གནས་བབ་འདི་ལས་ཀྱང་བཀའ་དྲིན་ཚོར་བའི་ངང་ནས་ཅི་གསུངས་དང་དུ་ལེན་རྒྱུ་ནི་བཤད་མ་དགོས་བའི་རྩ་བའི་དམ་བཅའ་ཞིག་མ་ཡིན་ནམ།དེ་ལས་ཀྱང་གནམ་ས་གཉིས་མ་གཏོགས་ངོ་མི་ཤེས་པའི་དུས་སྐབས་ཛ་དྲག་ཅན་འདི་འདྲ་ཞིག་ཏུ་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་དགོས་བའི་དོན་སྙིང་ངོས་ཟིན་པའི་ཐོག་ནས་རང་སྐད་རང་ཡིག་ལ་འབད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་བསམ།རྒྱུ་མཚན་དེའི་དབང་གིས་སྐད་ཡིག་ནི་མི་རིགས་ཤིག་གི་འཆི་གསོན་གྱི་སྲོག་དབུགས་ཕྲ་མོ་དང་ཁྱད་པར་མེད་པའི་དཔང་རྟགས་ངོ་མ་དེ་ཡིན་པས་སྐད་ཡིག་བརླག་སོང་ན་ནི་མི་རིགས་ཞིག་ཉམས་རྒུད་ནས་རྒུད་པར་སོང་ནས་བརླག་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་དུ་ངོས་འཛིན་ཞུས་པ་མ་ཟད་འཛམ་གླིང་ཆེན་པོའི་ལོ་རྒྱུས་ལས་ཀྱང་ར་སྤྲོད་གནང་ཡོད་པ་དེ་དེ་བཞིན་རེད།དེ་ལྟར་ཡིན་པ་བརྟེན་ནས་སྐད་ཡིག་ཇི་སྲིད་བར་དུ་གནས་ཐུབ་སོང་ན་མི་རིགས་དེ་ནམ་ཡང་འཆི་མིད་གཏོང་མི་སྲིད་པར་དེ་སྲིད་བར་དུ་གནས་ངེས་ཡིན་པ་བོད་མི་ཡོད་དོ་ཅོག་གིས་བསམ་གཞིབས་གཏོང་དགོས་པའི་གནད་ཅིག་ཀྱང་ཡིན་པར་བསམ།

མདོར་ན་དུས་དེང་སང་གི་བར་༸མགོན་པོ་གང་ཉིད་ས་ཕྱོགས་གང་དུ་ཆིབས་བསྒྱུར་བསྐྱངས་ན་ཡང་སྐད་ཡིག་མི་ཉམས་རྒྱུད་འཛིན་དར་སྤེལ་གནང་དགོས་ཚུལ་དང་བོད་མི་སྐད་ཡིག་དང་འབྲེལ་བའི་ནང་བསྟན་ཆོས་ལུགས་འདི་འཛམ་གླིང་འདིར་ཞབས་ཞུ་བསྒྲུབ་ཐུབ་པ་དང་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་པའི་གོ་སྐབས་རྩ་ཆེན་ཞིག་ཡོད་རབས་གསུངས་ཚུལ་འདི་དག་གཞི་བཞག་ནས་བཤད་ནའང་བོད་ཀྱི་སྐད་ཡིག་དེའི་རིན་ཐང་རྟོགས་ཀྱི་མི་འདུག་གམ།བོད་ཀྱི་སྐད་ཡིག་སྦྱངས་ན་ལྟོ་མི་རག་པའི་སེམས་ཚབ་ཞིག་ག་ལ་ཡོད་།དོན་ངོ་མས་བརྗོད་ན་བོད་མི་རིགས་ཀྱིས་མ་འཇོན་པ་ལས་བོད་ཀྱི་སྐད་ཡིག་གིས་མ་འཇོན་པ་ཞིག་གཏན་ནས་མི་འདུག་བསམ་གྱི་འདུག་ན་དེ་དོན་ཚང་མས་དགོངས་བཞེས་ངེས་པར་དགོས་པར་བསམ་མོ།ད་ཡིག་རྙོག་མང་དྲག་ན་ཐལ་ཆ་འགྲོ་སྲིད་པའི་ང་རང་གི་མཐོང་ཆོས་དང་ཉམས་མྱོང་ཇི་ཡོད་བྲིས་པ་ལགས་ན་ནོར་བ་ཡོད་ན་དགོངས་གསོལ་ཞུས།

ཐོལ་བྱུང་གི་སྣང་བ།                                                                                                                                   ལྷག་པ་དོན་གྲུབ། སྦེལ་ཀོབ་བོད་ཁྱིམ།

གཞུང་ལུགས་རབ་འབྱམས་སྨྲ་ལ་ཐོགས་པ་མེད།  །

རིག་པའི་རྒྱ་མཚོ་མཇིང་བརྒལ་ལ་མཁས་པ།      །

རིས་མེད་ཆོས་བརྒྱུད་ཤེས་བྱའི་བང་མཛོད་རྣམས། །

མགྲིན་པའི་དཔལ་འཛིན་འགོས་ལོ་བཞི་པར་འདུད།        །

ཉིན་མོར་འཛིན་གྲྭ་ཉིན་རྒྱབ་དཔེ་མཛོད་ཕྱི་དྲོ་ནི།      །

ཚོགས་ཁང་ནང་དུ་རིན་མེད་ཟུར་ཁྲིད་ཤེས་ཡོན་སྦྱིན། །

ཉིན་དང་བདུན་ཕྲག་ཟླ་བ་གྲངས་ཤས་ཙམ་མིན་པར།   །

ལོ་ནས་ལོ་བསྟུད་གཞན་ཕན་བྱ་བ་མཛད་པ་མཚར།   །

སློབ་ཁྲིད་དུས་སྐབས་ཉོབ་སུན་སྣང་བ་འདོར་ཐབས་སུ།    །

སློབ་ཕྲུག་རྣམས་ལ་བཞད་གད་གནས་ཚུལ་འདྲ་མིན་གླེང། །

སློབ་གཉེར་དུས་ཚོད་ཆུད་ཟོས་མཁན་གྱི་སློབ་ཕྲུག་རྣམས། །

སློབ་སྦྱོང་གནས་ལ་སྣང་བ་བཀུག་ཕྱིར་ཅི་ཡང་གནང་།    །

བདག་ལ་བཤེས་གཉེན་དེ་ལྟར་ཐོབ་པ་སྐལ་པ་བཟང་།     །

རང་གིས་བོད་སྐད་ཡང་དག་མ་སྦྱངས་ན།།

གཞན་ལ་བོད་སྐད་སྦྱང་དགོས་གསུང་དབང་མེད།།

ཅི་སྟེ་གསུངས་ཀྱང་ཁ་བཤད་སྟོང་པ་ལས།།

གསན་མཁན་མེད་པ་མངོན་སུམ་མཐོང་ཆོས་ལགས།།

རང་གིས་མྱོང་བས་གྲུབ་པའི་བྱ་བ་དེ།།

གཞན་ལ་དངོས་སུ་བསྐུལ་དེད་མ་བྱས་ཀྱང།།

གྲོག་མ་སྦྲང་རྩིའི་བཅུད་ལ་འཁོར་བ་བཞིན།།

ལག་བསྟར་བྱེད་མཁན་བྱེས་མའི་གྲངས་སྙེད་དོ།།

དེང་དུས་རིག་གསར་ཤེས་ཡོན་ཇི་སྙེད་ལ།།

ཇི་ཙམ་གཏིང་དུ་བསྔོགས་ཚེ་ཞེན་པ་ལྡོག།།

འོན་ཀྱང་གནའ་རབས་ནང་པའི་གཞུང་ལུགས་ནི།།

ཇི་ལྟར་སྤྱད་ཀྱང་ངོམས་པ་མེད་ལ་ལྟོས།          །

བོད་ཁྱིམ་སློབ་གྲྭའི་སྐྱེད་ཚལ་འདི་ནང་དུ།།

ཤེས་བྱའི་ཟིལ་མངར་འདྲ་མིན་མྱངས་ནས་མཐར།།

བོད་ཕྲུག་བུང་བའི་ཚོགས་རྣམས་ཕལ་མོ་ཆེ།།

བཀའ་དྲིན་བསམ་ཤེས་མེད་རྣམས་ཡ་རེ་མཚན།།

ཀུན་ཕན་ཤེས་བྱའི་སྦྲང་རྩི་ཐོབ་པའི་ཤེས་ཡོན་ཅན།།

མིང་དོན་མཚུངས་པའི་དོན་གྱི་ཡོན་ཏན་ཐོབ་ཡོད་ན།།

ཟམ་པ་བརྒལ་ཀྱང་ཟམ་པའི་བཀའ་དྲིན་བསམ་ཤེས་ཀྱིས།།

གས་ཆག་སྐྱོན་རྣམས་གསོ་བའི་ལས་འགན་ངེས་པར་སོམས།།

གངས་ཅན་བོད་ཀྱི་མ་འོངས་འཛིན་སྐྱོང་སྣེ་ཁྲིད་པོ།             །

ད་ལྟའི་གཞོན་སྐྱེས་དམའ་འབྲིང་མཐོ་སློབ་འགྲིམས་བཞིན་ཡང་། །

ཕྲག་སྟེང་ལྗིད་མོའི་འོས་འགན་བབས་པ་མ་བསམས་ནས།      །

དུས་ཀྱི་དཔལ་ཡོན་འགལ་རྐྱེན་གནས་ལ་གཡེངས་ན་སྐྱོ།       །

ཀུན་སློང་བཟང་པོས་བསྐྲུན་པའི་འཕྲུལ་ཆས་ཀྱང་། །

གཅིག་ཏུ་ཕན་པའི་ངེས་པ་ཡོད་མིན་ན།           །

དངོས་སུ་གནོད་པའི་ཉེན་བརྡ་གསལ་བཞིན་དུ།   །

ཐ་མག་མྱོས་རྫས་འདྲ་མིན་སྤྱད་པ་སྐྱོ།            །

ད་ཐེངས་གོ་སྐབས་བཟང་པོ་ཐོབ་དུས་འདིར།  །

རྙེད་དཀའི་དུས་ཀྱི་རིན་ཐང་མ་ཆོད་ནས།      །

གཉིད་དང་ཅ་ཅོ་རྩེད་མོ་ཁོ་ན་ཡིས།           །

མ་འོངས་མི་ཚེ་ཐར་ཐོར་བཏང་བ་སྐྱོ།         །

སློབ་ཕྲུག་རྣམས་ནི་ལུས་པོ་བདེ་དུས་འདིར།     །

འཕྲོད་བཞེས་ཟས་ཀྱི་སྤང་བླང་རྨོངས་འགྱུར་ཏེ། །

གནོད་པའི་རྔན་པས་ཁུག་མ་བརྒྱངས་ནས་ནི།   །

རང་སྡུག་རང་གིས་ཉོས་པ་སེམས་རེ་སྐྱོ།       །

ཤེས་ཡོན་སྤྲོད་པའི་བརྒྱུད་རིམ་ཁྲོད་དུ་ཐབས་ལམ་ནི།   །

གལ་ཆེ་ཞིག་ལས་མེད་མི་རུང་གི་ཆ་ཤས་མིན།         །

སློབ་སྦྱོང་བྱེད་འདུན་ཆོད་སེམས་བརྟན་པོ་མེད་གྱུར་ན།  །

སློབ་ཁྲིད་ཐབས་ལམ་ལེགས་དང་ཉེས་ལ་ཁྱད་པར་ཅི།   །

ཡིག་རྒྱུགས་བརྒྱ་ཆ་དགུང་མཐོར་བསྙེགས་པའི་སློབ་ཕྲུག་དང་། །

རྟགས་མས་མགུལ་མཇིང་རབ་ཏུ་གུག་པའི་སློབ་ཐོན་པ།        །

སེམས་ཀྱི་སྤུས་ཚད་ཞན་དུ་གྱུར་པའི་ཤེས་ཡོན་ཅན།           །

ཚད་མཐོའི་ལག་འཁྱེར་ལག་ཏུ་ཐོགས་ཀྱང་ཅི་ཞིག་ཕན།        །

བདག་གིས་གང་དྲན་ཆབ་ཆོབ་བཅོ་བརྒྱད་འདིར་ནི་ཐལ།   །

གནོད་པའི་ཀུན་སློང་ཡེ་ནས་མེད་ཀྱང་གནོད་གྱུར་ན།      །

ལག་ཟུང་སྙིང་གར་བཅང་སྟེ་བཟོད་གསོལ་ལན་མང་ཞུ།    །

ཕན་པའི་མཇུག་འབྲས་ཕྲན་བུར་གྱུར་ཚེ་བོད་ཕྱིར་བསྔོ།   །