ཉིན་བརྒྱ་ཉིན་མོའི་སྲུང་བརྩི་སྐོར།

ཉིན་བརྒྱ་སོང་བའི་ཉིན་མོ་སྲུང་བརྩིའི་ལས་རིམ་འདི་ནི་སྔོ་འགྲོ་ལོ་གསུམ་པའི་སློབ་མ་ཡོངས་ཀྱི་ཨང་རྩིས་ཀྱི་ཆེད་དུ་བཅད་པའི་ལས་འཆར་ཞིག་ཡིན། འདི་ལོ་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་ཚོགས་འདུའི་གྲོས་ཆོད་ནང་དོན་བཞིན་བཟང་སྤྱོད་ཀྱི་ལོ་སྲུང་བརྩི་ཞུ་བ་དང་སྟབས་སྟུན་ཏེ་ཕྲུ་གུའི་བྱེད་སྒོ་དང་ལས་རིམ་རྣམས་ཀྱང་བཟང་སྤྱོད་སྤེལ་ཐབས་ཐོག་ཤུགས་སྣོན་གྱི་ལས་རིམ་སྤེལ། དེའང་ཕྱི་ལོ་༢༠༡༨ ཕྱི་ཟླ་༣ ཚེས་༡ ཉིན་ནས་འགོ་འཛུགས་ཞུས་ཏེ་ཕྱི་ཟླ་༨ ཚེས་༨ བར་རེས་གཟའ་ཉི་མ་སོགས་གུང་སེང་གང་ཡིན་ཕུད་དེ་སློབ་དུས་ཀྱི་ཉིན་གྲངས་༡༡༣ འཁོར་མཚམས་སུ་སྔོན་འགྲོ་གསུམ་པའི་སློབ་ཕྲུག་ཚང་མ་འཛིན་ཁང་སྒོར་མོའི་ནང་འཛོམས་ཏེ་ཉིན་བརྒྱ་འཁོར་བའི་ཉིན་མོའི་མཛད་སྒོ་གཟབ་རྒྱས་ཚུགས། དུས་ཡུན་དེའི་ནང་སྔོན་འགྲོ་གསུམ་པའི་སློབ་མ་གྲངས་༦༤ ཡོད་པ་བཞིན་སློབ་མ་ཚང་མས་གྲངས་༡༠༠ བར་གྱི་འབྲི་ཀློག་ཐུབ་པ་དང་དོན་གྱི་གོ་བ་རྟོགས་ཐུབ་པ། གྲངས་༢།༥།༡༠།༢༠ སོགས་ཀྱི་གྲངས་༡༠༠ སྒྲུབ་ཚུལ་དང་གྲངས་ཀྱི་’འབོར་དང་རིན་ཐང་ཤེས་ཐུབ་པ། སློབ་ཁྲིད་ཀྱི་ཞོར་ལ་དགེ་རྒན་ནས་གྱང་སྦྱར་སྟེང་དབྱིབས་མི་འདྲ་བ་དང་མེ་ཏོག སེམས་ཅན་སོགས་ཀྱི་རི་མོའི་སྟེང་དུ་ཕྲུ་གུར་སྲན་མ་དང་ཤོག་དྲས་ཀྱི་གྲངས་བརྒྱ་དང་བཅུ་གསུམ་སྦྱར་དུ་བཅུག་པ། དེ་བཞིན་ཤོག་བུའི་ལྟེབ་ཚིགས་ཀྱི་ཁང་པ་དང་བྱ་རིགས། མེ་ཏོག་འདྲ་མིན་བཟོ་རྒྱུའི་ལག་རྩལ། རི་མོའི་སྟེང་ཚོན་གཏོར་གྱི་ལག་རྩལ་སོགས་སློབ་སྟོན་གྱིས་བྱེད་སྒོ་སྤེལ་རྗེས་མཇུག་བསྡོམས་མཛད་སྒོའི་སྐབས་སུ་འགྲེམ་སྟོན་ཞུས། སྐབས་དེར་མགྲོན་འབོད་ཞུ་བ་བཞིན་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་མཛད་གཙོ་རྣམ་པ་དང་ཁྱིམ་སྡེའི་འགན་འཛིན་རྣམ་པ་གཟིགས་ཞིབ་དུ་ཕེབས་ཡོད། མཛད་སྒོའི་སྐབས་སུ་སླབ་མ་རྣམས་རུ་ཁག་བཞིའི་ཐོག་ཆ་བགོས་ཀྱིས་གྲངས་ཀྱི་རྩེད་མོ་དཔེར་ན། ༡། ཕྲུ་གུ་གཉིས་བར་ཤོ་གཡུག་སྟེ་ཨང་ཀི་བརྒྱ་བར་འབྲི་མགྱོགས་ལོད། ༢། བིང་གྷོ། ༣། ཚལ་ཐམ་བརྒྱ་རྒྱག་མགྱོགས་ལོད། ༣། སྲན་མ་བརྒྱ་གྲངས་འདྲེན་མགྱོགས་ལོད། ༤། བྱུ་རུ་བརྒྱ་རྒྱུ་མགྱོགས་ལོད་སོགས་རུ་ཁག་རེས་མོས་ཀྱིས་རྩེད་མོ་རྩེ་རུ་འཇུག དེ་ནས་བར་མཚམས་སུ་སྐུ་མགྲོན་རྣམ་པ་ལ་གསོལ་ཇ་བཞེས་ཏོག་འདེགས་འབུལ་དང་སློབ་མས་བཟོ་་བའི་ལག་རྩལ་ཁག་ལ་གཟིགས་ཞིབ་གནང་བ་དང་སློབ་ཕྲུག་ལའང་བཞེས་ཏོག་དང་ཆབ་མངར་འབུལ། བར་སེང་རྗེས་སླར་ཡང་གྲངས་ཀྱི་རྩེད་མོ་འདྲ་མིན་རྩེ་རུ་འཇུག་པ་དང་རྒྱལ་ཁ་ཐོབ་པ་རྣམས་ལ་བྱ་དགའ་སྩལ་རྗེས་ཉིན་བརྒྱ་སོང་བའི་ཉིན་མོ་རྒྱལ་དགའི་ངང་གྲུབ་བོ།